Menu

གྲངས་ཀ 1

NTB

1 དེ་ཡང་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཐོན་རྗེས་ཀྱི་ལོ་གཉིས་པའི་ཟླ་བ་གཉིས་པའི་ཚེས་དང་པོ་ལ། སི་ནཱ་དབེན་སྟོང་དུ་མཇལ་འཕྲད་གུར་མཆོག་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ།

2 ཡེས་ར་ཨེལ་པའི་མི་ཚོགས་ཐམས་ཅད་ནི་དེ་དག་གི་རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་བཞིན་མི་གྲངས་ལེན་དགོས་པ་སྟེ། སྐྱེས་པ་ཐམས་ཅད་མི་གྲངས་བཞིན་ཐོ་བརྒྱག་དགོས།

3 ཡེས་ར་ཨེལ་མི་རིགས་ཀྱི་ཁྲོད་ནས་སྐྱེས་པ་ལོ་ཉི་ཤུ་ཅན་དང་དེའི་ཡན་ཟིན་པ་དང་། དམག་འཐབ་ལ་ཞུགས་ནུས་པ་ཐམས་ཅད་ནི་ཁྱོད་དང་ཨ་རོན་གཉིས་ཀྱིས་ཁོ་ཚོའི་དམག་ཚོགས་བཞིན་དུ་རྩིས་ལེན་དགོས།

4 ཚོ་པ་རེ་ནས་ཁྱོད་རྣམས་ལ་རོགས་བྱེད་མཁན་མི་གཅིག་རེ་ཡོད་པ་དང་། དེ་དག་རེ་རེ་རང་གི་ཕ་ཁྱིམ་གྱི་འགོ་དཔོན་ཡིན་དགོས།

5 ཁྱོད་རྣམས་ལ་རོགས་བྱེད་མཁན་རྣམས་ཀྱི་མིང་ནི་འདི་ལྟ་སྟེ། རུ་བེན་ཚོ་པ་ནས་ཤེ་དེ་ཨུར་གྱི་བུ་ཨེ་ལི་ཚུར་དང་།

6 སི་མུ་ཨོན་ཚོ་པ་ནས་ཙུ་རེ་ཤད་དཱ་ཨིའི་བུ་ཤེ་ལུ་མེ་ཨེལ་དང་།

7 ཡ་ཧུ་དཱ་ཚོ་པ་ནས་ཨ་མི་ནཱ་དབ་ཀྱི་བུ་ནཱ་སོན་དང་།

8 ཡེས་སི་ཀཱར་ཚོ་པ་ནས་ཙུ་ཨར་གྱི་བུ་ནེ་ཐན་ཨེལ་དང་།

9 ཟེ་བུ་ལུན་ཚོ་པ་ནས་ཧེ་ལོན་གྱི་བུ་ཨེ་ལི་ཨབ་དང་།

10 ཡོ་སེབ་ཀྱི་བུ་རྒྱུད་ཁྲོད་དུ། ཨེ་ཕཱར་ཡིམ་ཚོ་པ་ནས་ཨམ་མེ་ཧུད་ཀྱི་བུ་ཨེ་ལི་ཤ་མཱ་དང་། མཱ་ན་ཤེ་ཚོ་པ་ནས་ཕེ་དཱ་ཚུར་གྱི་བུ་གམ་ལི་ཨེལ་དང་།

11 པེན་ཡཱ་མེན་ཚོ་པ་ནས་གིད་ཨོ་ནཱའི་བུ་ཨ་བི་ཏན་དང་།

12 དཱན་ཚོ་པ་ནས་ཨམ་མེ་ཤད་ད་ཨི་ཡི་བུ་ཨ་ཧི་ཨེ་ཟེར་དང་།

13 ཨ་ཤེར་ཚོ་པ་ནས་ཨོག་རན་གྱི་བུ་ཕཱ་གེ་ཨེལ་དང་།

14 གཱ་རྡུ་ཚོ་པ་ནས་དི་ཨོ་ཨེལ་གྱི་བུ་ཨེལ་ཡཱ་སབ་དང་།

15 ནཱབ་ཐ་ལི་ཚོ་པ་ནས་ཨེ་ནན་གྱི་བུ་ཨ་ཧི་རཱ་བཅས་སོ། །

16 དེ་དག་ནི་མི་ཚོགས་ལས་བདམས་པ་ཡིན་ཞིང་། མེས་པོའི་ཚོ་པ་རྣམས་ཀྱི་འགོ་དཔོན་དང་། ཡེས་ར་ཨེལ་གྱི་སྟོང་དཔོན་རྣམས་ཡིན་ནོ་ཞེས་གསུངས་སོ། །

17 མོ་ཤེ་དང་ཨ་རོན་གཉིས་ཀྱིས་མིང་བཏོན་པའི་མི་དེ་དག་ཁྲིད་པ་དང་།

18 ཟླ་བ་གཉིས་པའི་ཚེས་དང་པོར་མི་ཚོགས་ཐམས་ཅད་བསྡུས་ཤིང་། དེ་དག་གི་རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་བཞིན་ལོ་ཉི་ཤུ་ཅན་དང་དེའི་ཡན་ཟིན་པ་རྣམས་མི་གྲངས་ལྟར་ཐོ་བརྒྱབ་པའོ། །

19 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་བསྩལ་པ་བཞིན་དུ། ཁོང་གིས་སི་ནཱ་དབེན་སྟོང་ནས་དེ་དག་གི་རྩིས་བླངས་པའོ། །

20 ཡེས་ར་ཨེལ་གྱི་བུ་སྐྱེས་འགོ་རུ་བེན་གྱི་བུ་རྒྱུད་དག་གི་བུ་རབས་ཚ་རྒྱུད་ལས། རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་དང་མི་གྲངས་བཞིན་དུ། ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་དམག་འཐབ་ལ་ཞུགས་ནུས་པ་ཐམས་ཅད་ཐོ་བརྒྱབ་པ་སྟེ།

21 རུ་བེན་ཚོ་པ་ལས་རྩིས་བླངས་པའི་མི་གྲངས་ནི་བསྡོམས་པས་བཞི་ཁྲི་དྲུག་སྟོང་ལྔ་བརྒྱའོ། །

22 སི་མུ་ཨོན་གྱི་བུ་རྒྱུད་དག་གི་བུ་རབས་ཚ་རྒྱུད་ལས། རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་དང་མི་གྲངས་བཞིན་དུ། ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་དམག་འཐབ་ལ་ཞུགས་ནུས་པ་ཐམས་ཅད་ཐོ་བརྒྱབ་པ་སྟེ།

23 སི་མུ་ཨོན་ཚོ་པ་ལས་རྩིས་བླངས་པའི་མི་གྲངས་ནི་བསྡོམས་པས་ལྔ་ཁྲི་དགུ་སྟོང་སུམ་བརྒྱའོ། །

24 གཱ་རྡུ་ཡི་བུ་རྒྱུད་དག་གི་བུ་རབས་ཚ་རྒྱུད་ལས། རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་བཞིན་དུ། ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་དམག་འཐབ་ལ་ཞུགས་ནུས་པ་ཐམས་ཅད་ཐོ་བརྒྱབ་པ་སྟེ།

25 གཱ་རྡུ་ཚོ་པ་ལས་རྩིས་བླངས་པའི་མི་གྲངས་ནི་བསྡོམས་པས་བཞི་ཁྲི་ལྔ་སྟོང་དྲུག་བརྒྱ་ལྔ་བཅུའོ། །

26 ཡ་ཧུ་དཱའི་བུ་རྒྱུད་དག་གི་བུ་རབས་ཚ་རྒྱུད་ལས། རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་བཞིན་དུ། ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་དམག་འཐབ་ལ་ཞུགས་ནུས་པ་ཐམས་ཅད་ཐོ་བརྒྱབ་པ་སྟེ།

27 ཡ་ཧུ་དཱ་ཚོ་པ་ལས་རྩིས་བླངས་པའི་མི་གྲངས་ནི་བསྡོམས་པས་བདུན་ཁྲི་བཞི་སྟོང་དྲུག་བརྒྱའོ། །

28 ཡེས་སི་ཀཱར་གྱི་བུ་རྒྱུད་དག་གི་བུ་རབས་ཚ་རྒྱུད་ལས། རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་བཞིན་དུ། ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་དམག་འཐབ་ལ་ཞུགས་ནུས་པ་ཐམས་ཅད་ཐོ་བརྒྱབ་པ་སྟེ།

29 ཡེས་སི་ཀཱར་ཚོ་པ་ལས་རྩིས་བླངས་པའི་མི་གྲངས་ནི་བསྡོམས་པས་ལྔ་ཁྲི་བཞི་སྟོང་བཞི་བརྒྱའོ། །

30 ཟེ་བུ་ལུན་གྱི་བུ་རྒྱུད་དག་གི་བུ་རབས་ཚ་རྒྱུད་ལས། རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་བཞིན་དུ། ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་དམག་འཐབ་ལ་ཞུགས་ནུས་པ་ཐམས་ཅད་ཐོ་བརྒྱབ་པ་སྟེ།

31 ཟེ་བུ་ལུན་ཚོ་པ་ལས་རྩིས་བླངས་པའི་མི་གྲངས་ནི་བསྡོམས་པས་ལྔ་ཁྲི་བདུན་སྟོང་བཞི་བརྒྱའོ། །

32 ཡོ་སེབ་ཀྱི་བུ་རྣམས་ཏེ། ཨེ་ཕཱར་ཡིམ་གྱི་བུ་རྒྱུད་དག་གི་བུ་རབས་ཚ་རྒྱུད་ལས། རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་བཞིན་དུ། ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་དམག་འཐབ་ལ་ཞུགས་ནུས་པ་ཐམས་ཅད་ཐོ་བརྒྱབ་པ་སྟེ།

33 ཨེ་ཕཱར་ཡིམ་ཚོ་པ་ལས་རྩིས་བླངས་པའི་མི་གྲངས་ནི་བསྡོམས་པས་བཞི་ཁྲི་ལྔ་བརྒྱའོ། །

34 མཱ་ན་ཤེའི་བུ་རྒྱུད་དག་གི་བུ་རབས་ཚ་རྒྱུད་ལས། རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་བཞིན་དུ། ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་དམག་འཐབ་ལ་ཞུགས་ནུས་པ་ཐམས་ཅད་ཐོ་བརྒྱབ་པ་སྟེ།

35 མཱ་ན་ཤེ་ཚོ་པ་ལས་རྩིས་བླངས་པའི་མི་གྲངས་ནི་བསྡོམས་པས་སུམ་ཁྲི་ཉིས་སྟོང་ཉིས་བརྒྱའོ། །

36 པེན་ཡཱ་མེན་གྱི་བུ་རྒྱུད་དག་གི་བུ་རབས་ཚ་རྒྱུད་ལས། རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་བཞིན་དུ། ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་དམག་འཐབ་ལ་ཞུགས་ནུས་པ་ཐམས་ཅད་ཐོ་བརྒྱབ་པ་སྟེ།

37 པེན་ཡཱ་མེན་ཚོ་པ་ལས་རྩིས་བླངས་པའི་མི་གྲངས་ནི་བསྡོམས་པས་སུམ་ཁྲི་ལྔ་སྟོང་བཞི་བརྒྱའོ། །

38 དཱན་གྱི་བུ་རྒྱུད་དག་གི་བུ་རབས་ཚ་རྒྱུད་ལས། རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་བཞིན་དུ། ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་དམག་འཐབ་ལ་ཞུགས་ནུས་པ་ཐམས་ཅད་ཐོ་བརྒྱབ་པ་སྟེ།

39 དཱན་ཚོ་པ་ལས་རྩིས་བླངས་པའི་མི་གྲངས་ནི་བསྡོམས་པས་དྲུག་ཁྲི་ཉིས་སྟོང་བདུན་བརྒྱའོ། །

40 ཨ་ཤེར་གྱི་བུ་རྒྱུད་དག་གི་བུ་རབས་ཚ་རྒྱུད་ལས། རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་བཞིན་དུ། ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་དམག་འཐབ་ལ་ཞུགས་ནུས་པ་ཐམས་ཅད་ཐོ་བརྒྱབ་པ་སྟེ།

41 ཨ་ཤེར་ཚོ་པ་ལས་རྩིས་བླངས་པའི་མི་གྲངས་ནི་བསྡོམས་པས་བཞི་ཁྲི་ཆིག་སྟོང་ལྔ་བརྒྱའོ། །

42 ནཱབ་ཐ་ལི་ཡི་བུ་རྒྱུད་དག་གི་བུ་རབས་ཚ་རྒྱུད་ལས། རུས་རྒྱུད་དང་ཕ་ཁྱིམ། སྐྱེས་པ་རེ་རེའི་མིང་གི་གྲངས་ཀ་བཞིན་དུ། ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་དམག་འཐབ་ལ་ཞུགས་ནུས་པ་ཐམས་ཅད་ཐོ་བརྒྱབ་པ་སྟེ།

43 ནཱབ་ཐ་ལི་ཚོ་པ་ལས་རྩིས་བླངས་པའི་མི་གྲངས་ནི་བསྡོམས་པས་ལྔ་ཁྲི་སུམ་སྟོང་བཞི་བརྒྱའོ། །

44 དེ་ནི་མོ་ཤེ་དང་ཨ་རོན། ཡེས་ར་ཨེལ་གྱི་འགོ་དཔོན་བཅུ་གཉིས་ཏེ་ཕ་ཁྱིམ་རེའི་མི་རེ་བཅས་ཀྱིས་རྩིས་བླངས་པའི་མི་གྲངས་ཡིན་པ་སྟེ།

45 ཡེས་ར་ཨེལ་གྱི་ཁྲོད་ཕ་ཁྱིམ་བཞིན་དུ། ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་དམག་འཐབ་ལ་ཞུགས་ནུས་པའི་ཡེས་ར་ཨེལ་པ་ཐམས་ཅད་ཐོ་བརྒྱབ་པ་དང་།

46 རྩིས་བླངས་པའི་མི་གྲངས་ནི་བསྡོམས་པས་དྲུག་འབུམ་སུམ་སྟོང་ལྔ་བརྒྱ་ལྔ་བཅུའོ། །

47 འོན་ཀྱང་། ལེ་ཝི་པ་རྣམས་ཁོ་ཚོའི་ཁྱིམ་རྒྱུད་ཀྱི་ཚོ་པ་བཞིན་དེ་དག་གི་ཁྲོད་དུ་མ་བརྩིས་སོ། །

48 ཅི་ལ་ཟེར་ན། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ།

49 ལེ་ཝིའི་ཚོ་པ་འབའ་ཞིག་ཁྱོད་ཀྱིས་རྩིས་ལེན་མི་རུང་ལ། དེ་དག་གི་བསྡོམས་གྲངས་ཀྱང་ཡེས་ར་ཨེལ་པ་རྣམས་ཀྱི་ཁྲོད་དུ་བགྲང་མི་རུང་།

50 འོན་ཀྱང་། དཔང་པོའི་གུར་མཆོག་དང་། དེའི་ཡོ་བྱད་ཐམས་ཅད་དང་། དེ་ལ་གཏོགས་པ་ཀུན་ལེ་ཝི་པ་རྣམས་ལ་བདག་གཉེར་བྱེད་དུ་ཆུག དེ་ཚོས་གུར་མཆོག་དང་ཡོ་བྱད་ཐམས་ཅད་འཁུར་ཞིང་དེ་ལ་ཞབས་ཏོག་སྒྲུབ་པ་དང་། གུར་མཆོག་གི་མཐའ་འཁོར་དུ་སྒར་འདེབས་དགོས།

51 གུར་མཆོག་སྤོ་བའི་དུས་སུ་ལེ་ཝི་པ་རྣམས་ཀྱིས་དེ་མར་ཕབ་པ་དང་། གུར་མཆོག་ཕུབ་པའི་དུས་སུ། ལེ་ཝི་པ་རྣམས་ཀྱིས་དེ་ཕུབ་དགོས། གལ་ཏེ་མི་གཞན་སུ་ཞིག་གུར་མཆོག་དང་ཉེ་བར་འོངས་ན་དེ་གསོད་དགོས་སོ། །

52 ཡེས་ར་ཨེལ་པ་རྣམས་ཀྱིས་རང་རང་གི་སྒར་ཁ་དང་རང་རང་གི་རུ་དར་བཞིན་སྒར་འདེབས་དགོས།

53 འོན་ཀྱང་། དཀོན་མཆོག་ཁོང་ཉིད་ཡེས་ར་ཨེལ་གྱི་མི་ཚོགས་ལ་ཐུགས་མི་ཁྲོ་བའི་ཕྱིར་དུ། ལེ་ཝི་པ་རྣམས་ཀྱིས་དཔང་པོའི་གུར་མཆོག་གི་མཐའ་འཁོར་དུ་སྒར་འདེབས་དགོས་པ་དང་། དེ་རྣམས་ཀྱིས་དཔང་པོའི་གུར་མཆོག་སྲུང་བའི་འགན་བསྒྲུབ་དགོས་ཞེས་བཀའ་གནང་ངོ་། །

54 ཡེས་ར་ཨེལ་པ་རྣམས་ཀྱིས་དེ་བཞིན་དུ་བསྒྲུབས་པ་དང་། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཅི་ལྟར་གནང་བ་བཞིན་ཁོ་རྣམས་ཀྱིས་དེ་ལྟར་བསྒྲུབས་སོ། །

Everything we make is available for free because of a generous community of supporters.

Donate