Menu

གསུང༌མགུར། 40

NTB

1 ༼དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར༌མ།༽ བདག་གིས་ཡ་ཝཱེ་ལ་ནི་ངང་གིས༌བསྒུགས། །ཁོང་གིས་བདག་ལ་གཟིགས་ཤིང་འོ་དོད༌གསན།།

2 འཇིགས་རུང་དོང་དང་འདམ་ལས་བདག་དྲངས༌ཏེ། །བདག་ནི་ཕ་བོང་སྟེང་དུ་འགྱིང་བ༌དང༌། །ང་ཡི་གོམ་སྟབས་ཀྱང་ནི་བརྟན་པར༌མཛད།།

3 བདག་ཅག་དཀོན་མཆོག་བསྟོད་པའི་མགུར་གསར༌ཞིག །བདག་གི་ཁ་རུ་ལེན་པར་མཛད་པ༌ན། །མང་པོས་མཐོང་ནས་གུས་ཤིང་འཇིགས་པ༌དང༌། །ཡ་ཝཱེ་ཁོང་ལ་བརྟེན་པའི་འདུན་པ༌ཆེ།།

4 རྫུན་དང་ང་རྒྱལ་ཅན་ལ་མ་འཁོར༌བར། །ཡ་ཝཱེར་བརྟེན་པའི་མི་ལ་བདེ་བ༌འཐོབ།།

5 ཀྱེ་ཀྱེ་ང་ཡི་དཀོན་མཆོག༌ཡ་ཝཱེ་ལགས། །ཁྱེད་ཀྱིས་མཛད་པའི་ངོ་མཚར་འཕྲིན་ལས༌དང༌། །ངེད་ཅག་དོན་དུ་ཐུགས་བསྐྱེད་ཤིན་ཏུ༌མང༌། །ཁྱེད་ལ་དོ་ཟླ་སུ་དང་གང་ཡང༌མེད། །བདག་ལ་ཇི་བཞིན་བརྗོད་པའི་ནུས་པ༌བྲལ། །གལ་ཏེ་བརྗོད་པར་འདོད་ན་མཐའ་ཡས༌སོ།།

6 མཆོད་པ་དང་ནི་འབུལ་བར་ཁྱེད་མི༌དགྱེས། །ཁྱེད་ཀྱིས་བདག་གི་རྣ་བ་ཕྱེས་པར༌མཛད། །སྦྱིན་སྲེག་དང་ནི་སྡིག་བཤགས་མཆོད་པ༌སོགས། །ཁྱེད་ཀྱིས་ནམ་ཡང་མཁོ་བར་གསུངས་པ༌མེད།།

7 དེ་ནས་བདག་གིས་འདི་ལྟར་ཞུས་པ༌སྟེ། །ལྟོས་དང་བདག་ནི་སླེབས་ཤིང་ངའི་དོན༌རྣམས། །ཤོག་སྒྲིལ་མདོ་ནང་སྔར་ནས་བཀོད་འདུག༌གོ།

8 ཀྱེ་ཀྱེ་བདག་གི་དཀོན་མཆོག་ང་རང༌ནི། །ཁྱེད་ཀྱི་ཐུགས་དགོངས་ཇི་བཞིན་སྒྲུབ་པར༌དགའ། །ཁྱེད་ཀྱི་བཀའ་ཁྲིམས་ནམ་རྒྱུན་སེམས་སུ༌མཆིས།།

9 ཚོགས་ཆེན་ནང་དུ་དྲང་བདེན་འཕྲིན་བཟང༌སྒྲོག །བདག་གིས་རང་གི་མཆུ་སྒྲོས་འཚུམ་མི༌བྱ། །ཡ་ཝཱེ་ཁྱེད་ཀྱིས་འདི་རྣམས་མཁྱེན་པ༌འོ།།

10 ཁྱེད་ཀྱི་དྲང་བདེན་སེམས་སུ་སྦས་པ༌མིན། །ཁྱེད་ཀྱི་དམ་ཚིག་ཐར་པ་ངས་བཤད༌ཡོད། །ཁྱེད་ཀྱི་བྱམས་བརྩེ་དང་ནི་བདེན་པ༌ཉིད། །ང་ཡིས་ཚོགས་ཆེན་ནང་དུ་མ་སྦས༌སོ།།

11 ཡ་ཝཱེས་ང་ལ་སྙིང་རྗེ་མི་འཕྲི༌རོགས། །ཁྱེད་ཀྱི་བྱམས་དང་བདེན་པས་རྟག་ཏུ༌སྲུངས།།

12 གྲངས་མེད་ཆག་སྒོས་ང་རང་བསྐོར་བ༌དང༌། །བདག་གི་ཉེས་པས་ང་ནི་བཟུང་བས༌ན། །མིག་ཀྱང་བསྒྲིབས་ཤིང་ཉེས་པ་དེ་དག༌ནི། །རང་གི་སྐྲ་ལས་མང་བས་སྙིང་རྩ༌འདར།།

13 ཀྱེ་ཀྱེ་ཡ་ཝཱེ་ཐུགས་རྗེས་སྐྱབས་སུ༌གསོལ། །མགྱོགས་པོར་ང་ལ་རོགས་རམ་གནང་བར༌མཛོད།།

14 ངའི་སྲོག་གཅོད་ཕྱིར་ང་རང་འཚོལ་མཁན༌རྣམས། །ལྷན་ཅིག་སྐྱེངས་ཤིང་ངོ་ཡང་ནོངས་གྱུར༌ཅིག །ང་ལ་གནོད་པ་འབྱུང་བར་དགའ་བ༌རྣམས། །ངོ་ཚ་དང་བཅས་ཕམ་པར་གྱུར་ཅིག༌གུ།

15 ང་ལ་ཨ་ཧ་ཨ་ཧ་ཟེར་མཁན༌རྣམས། །རང་གི་ངོ་ཚའི་རྐྱེན་གྱིས་སྟོངས་པར༌ཤོག།

16 ཁྱེད་རང་འཚོལ་མཁན་དགའ་ཞིང་མགུ་བ༌དང༌། །ཁྱེད་ཀྱི་སྐྱབས་ལ་དགའ་བས་དུས་རྒྱུན༌དུ། །ཡ་ཝཱེར་བསྟོད་འོས་ཞེས་སུ་སྨྲ་གྱུར༌ཅིག།

17 འོན་ཀྱང་ང་ནི་དབུལ་ཞིང་ཕོངས་ན༌ཡང༌། །གཙོ་བོས་ང་རང་ཐུགས་སུ་འཛིན་པར༌སྨོན། །ང་ཡི་རོགས་རམ་དང་ནི་སྲོག་སྐྱོབ༌ཁྱེད། །ཀྱེ་ཀྱེ་དཀོན་མཆོག་ཐུགས་གཡེལ་མ་མཛད༌ཅིག།

Everything we make is available for free because of a generous community of supporters.

Donate